དཔེ་ཁང་སྐོར།

ཞང་བོད་དཔེ་ཁང་ཆེན་མོ་དཀར་ནག་བཀྲ་གསལ་གྱི་དམིགས་ཡུལ།

 

སྤྱིར་དེང་ཆ་འཕྲིན་གྱི་དུས་རབས་དང་བསྟུན་ཏེ་མི་མང་པོ་ཞིག་གིས་སོ་སོའི་བརྡ་དག་དང་ཚིག་སྦྱོར་ལེགས་མིན་ལ་མ་ལྟོས་པར་རྩོམ་ཡིག་གང་མང་ཞིག་དྲ་ལམ་ནས་སྤེལ་དང་སྤེལ་བཞིན་པ་ནི། བོད་མི་རིགས་འདི་ཤེས་ཡོན་གྱི་སྤྱི་ཚོགས་ཞིག་ཏུ་ཁ་ཕྱོགས་པའི་སྔོན་བརྡ་ཞིག་ཡིན་སྟབས་དགའ་འོས་པ་ཞིག་ཀྱང་རེད། 

དེ་དང་ཕྱོགས་མཚུངས་སྔོན་མ་བཞིན་བཀའ་དང་བརྟེན་འགྱུར། བླ་སྤྲུལ་སྐྱེས་ཆེན་ཁག་གི་གསུང་རྩོམ་རྣམས་མཆོད་ཁང་སྦུག་ཏུ་དར་ཐུམ་རྒྱག་ནས་སྦ་མི་འཇོག་པར་རང་རེའི་སྤྱི་ཚོགས་ཁྲོད་དུ་འགྲེམས་སྤེལ་དང་འཆད་ཁྲིད་བྱ་དགོས་པ་ནི་དུས་རབས་ཉེར་གཅིག་པ་འདིར་ཤེས་ཡོན་གྱི་སྣེ་མོར་ཡོད་པ་ཚོའི་གལ་འགང་ཤིན་ཏུ་ཆེ་བའི་འགན་འཁྲི་ཞིག་ཀྱང་རེད་སྙམ། 

རྒྱུ་མཚན་དེ་དག་ལ་གཞི་བཅོལ་ཏེ་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༦ ཚེས་ ༦ ཉིན་གུས་པས་ཞང་བོད་ཀྱི་གལ་ཆེའི་དཔེ་དཀོན་དང་དཔེ་ཚོགས་རིགས་གྲངས་ ༣༥༠༠ ལྷག་ཡོད་པའི་རིན་མེད་དྲ་སྟེང་དཔེ་ཁང་ཞབས་ཞུ་ལྟེ་གནས། (ཞང་བོད་དཔེ་ཁང་ཆེན་མོ) ཞེས་པ་སྐད་འཕྲིན་ཚོགས་པ་ཞིག་བཙུག་སྟེ། ཞང་བོད་ཁམས་ཀྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ཀྱི་གླེགས་བམ། བྱུང་གནས་ཀྱི་ཕུགས་ཐག་རིང་བའི་ཞང་བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས། ལེགས་ཉེས་ཀྱི་རྣམ་དབྱེ་འབྱེད་པའི་གནའ་དེངས་མཁས་པའི་ལེགས་བཤད། རྣམ་དཔྱོད་ཀྱིས་དཀའ་གནད་སེལ་བའི་རྒྱལ་ཕྱི་ནང་ཞིབ་འཇུག་པའི་དཔྱད་རྩོམ། སྒྱུ་རྩལ་གྱི་དུངས་བ་ཟབ་པའི་ཕུལ་བྱུང་གི་རྩོམ་རིག་རྣམས་སྐད་འཕྲིན་ཚོགས་པ་འདིའི་རྒྱུད་ནས་རིན་མེད་འབུལ་ལམ་ཞུས་དང་ཞུ་བཞིན་ཡོད་པ་འདིས་དོན་གཉེར་ཅན་གང་མང་ཞིག་ལ་ཕན་པ་རྒྱ་ཆེར་འབྱུང་བཞིན་ཡོད་པའི་སྐོར། ད་བར་ཡིག་ངག་གཉིས་ཐོག་ནས་བསྟོད་སྨོན་གང་མང་བསྐུར་བྱུང་བ་རྣམས་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

ང་ཚོས་ཀྱང་སོ་སོའི་ཁམས་དང་མོས་པར་མཐུན་པའི་བཟང་ཕྱོགས་ཀྱི་ལས་དོན་འདི་དག་གོང་འཕེལ་ཡོང་ཆེད་གོམ་པ་མདུན་སྤོས་ཀྱིས་ད་ལན་(ཞང་བོད་དཔེ་ཁང་ཆེན་མོ་)ཡི་སྐད་འཕྲིན་ཚོགས་པ་འདི་ཉིད་(བོན་གྱི་དྲིས་ལན་དྲ་མཛོད་ www.bondilan.org) ཀྱི་འཛིན་སྐྱོང་འོག་དྲ་སྟེང་དཔེ་ཁང་(ཞང་བོད་དཔེ་ཁང་ཆེན་མོ་དཀར་ནག་བཀྲ་གསལ། www.library.bondilan.org) ཞེས་པར་ཤར་གཏོང་བྱས་ཡོད་པས་དེ་ལུགས་དོན་གཉེར་ཅན་ཚོས་མུ་མཐུད་ང་ཚོའི་ལས་དོན་ལ་འཆར་ཅན་ལྟར་རྒྱབ་སྐྱོར་དང་མཉམ་ཞུགས་ཡོང་བའི་རེ་བསྐུལ་ཞུ་བཞིན་ཡོད། 

 

དཔེ་ཁང་གི་སྒྲིག་ཁྲིམས་དང་ཞབས་ཞུ། 

 

༡) འདི་ནས་བཟོས་པའི་འཕྲུལ་དེབ་རྣམས་ཀྱི་མ་རྩོམ་ཡོང་ཁུངས་གསལ་པོ་ཡོད། 

༢) དེ་སྔོན་དྲ་ལམ་དུ་སྤེལ་ཟིན་པ་རྣམས་དྲ་བདག་དང་རྩོམ་བདག་གི་ཆོག་མཆན་མེད་པར་མི་བཟོ། 

༣) གལ་ཏེ་མ་རྩོམ་ལ་ཡིག་ནོར་དང་ཆད་ལྷག་ཡོད་ཚེ་དུས་ཚོད་དང་བསྟུན་ཏེ་རང་ནུས་གང་ལྕོག་གིས་ཞུ་དག་གཏོང་བཞིན་ཡོད། 

༤) དེབ་པར་བསྐྲུན་ཟིན་པ་བསྐྱར་དུ་འཕྲུལ་དེབ་ཏུ་བཟོ་དགོས་ཚེ་ཁ་བྱང་དང་རྒྱབ་ཤའི་ཇུས་འགོད་རང་འཇགས་སམ། ཡང་ན་སྐབས་བསྟུན་ཁ་ཤོག་མཛེས་བཀོད། དེ་མིན་དགོས་དབང་གིས་རྩོམ་ཡིག་རིགས་དེབ་གཟུགས་སུ་བཅོས་དགོས་ཚེ་ < ཞང་བོད་དཔེ་ཁང་ཆེན་མོའི་བོན་གྱི་འཕྲུལ་དེབ>ཀྱི་ཁ་ཤོག་གམ། ཡང་ན་འདི་ནས་རྩོམ་ཡིག་གི་ནང་དོན་དང་འབྲེལ་བའི་རྒྱབ་ཤ་ཇུས་འགོད་བྱེད་བཞིན་ཡོད། 

༥) འདི་ནས་མ་རྩོམ་ཡིག་བཏགས་ཅན་རིགས་འཕྲུལ་དེབ་ཏུ་བཟོ་ཚེ་དུས་ཁོམ་དང་བསྟུན་ཏེ་སྟབས་བདེའི་ཡིག་ཆས (PDF) དང་འཕྲུལ་དེབ་ (ePUB) ཅན་གཉིས་ཆར་བཟོ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད། 

གལ་ཏེ་སྐུ་ཉིད་ལ་སྤྱིར་རྒྱལ་སྤྱིའི་འཕྲུལ་དེབ་བཟོ་འགོད་ཀྱི་འགྲོས་དང་མཐུན་པ། སྒོས་སུ་ཐུན་མིན་ཞང་བོད་ཡིག་རིགས་ཀྱི་མཛེས་ཆ་སྤྲས་པའི་རིན་མེད་དྲ་སྟེང་དཔེ་བསྐྲུན་རིགས་དགོས་ཚེ་(བོན་གྱི་དྲིས་ལན་དྲ་མཛོད)དམ་ཡང་ན་(ཞང་བོད་དཔེ་ཁང་ཆེན་མོ་དཀར་ནག་བཀྲ་གསལ)ལ་ཐད་ཀར་འབྲེལ་བ་གནང་ན། ང་ཚོས་སྐུ་ཉིད་ཀྱི་ཐུགས་འདུན་དང་མཐུན་པའི་རིན་མེད་ཞབས་ཞུ་གང་འགབ་ཞུ་ཆོག 

 

འབྲེལ་བ་གནང་ཡུལ། 

 

(བོན་གྱི་དྲིས་ལན་དྲ་མཛོད་)ལ་འབྲེལ་ན་འདིར་གནོན། 

ཡང་ན། (ཞང་བོད་དཔེ་ཁང་ཆེན་མོ་དཀར་ནག་བཀྲ་གསལ་)གྱི་ལག་བསྟར་རྩོམ་སྒྲིག་པར་འབྲེལ་ན།

དགེ་ཧི་མ་ལ་ཡའི་རྒྱལ་སྲས། 

སྐད་འཕྲིན། himalayanprince ཁིའུ་ཁིའུ། 1927810933 གློག་འཕྲིན། woserkham@gmail.com

 

ཞེས་(བོན་གྱི་དྲིས་ལན་དྲ་མཛོད)ཀྱི་ཡན་ལག་དཔེ་ཁང་(ཞང་བོད་དཔེ་ཁང་ཆེན་མོ་དཀར་ནག་བཀྲ་གསལ)གྱི་རྩོམ་སྒྲིག་ཁང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༥ ཉིན།།