འབྱུང་ལྡན་ ༣༠༡ ལྕགས་གླང་ལོའི་གཤེན་རྩིས་རྣམ་དག་ལོ་ཐོ།

སྒྲིག་པ་པོ། ཁྱུང་པོ་སྟེང་ཆེན་དགོན་སྨན་རྩིས་ཚན་ཁག

74,236 ཕབས་ལེན་གྲངས།


ནང་དོན།
གཤེན་གྱི་རྩིས་གསར་རྣམ་དག་གཞི་ལ་བཞག་ནས་ཕབས་པའི་འབྱུང་ལྡན་ ༣༠༡ བོད་ལྕགས་གླང་ལོའི་ལོ་ཐོ་རྒྱས་པ།

ཡིག་ཆའི་རིགས། སྟབས་བདེའི་ཡིག་ཆས། ( PDF) 

ལྗིད་ཚད་། (63 MB)

ཕབས་ལེན་ཁྱབ་ཚད། རིན་མེད།

སྟབས་བདེའི་ཡིག་ཆས།  (PDF) ཕབས་ལེན་བསྟི་གནས།

གསལ་བཤད། གཤེན་རྩིས་རྣམ་དག་ལོ་ཐོ་ཞེས་པ་འདི་ནི་ 《གཤེན་གྱི་རྩིས་གསར་རྣམ་དག་》 ཅེས་པའི་རྩིས་གཞུང་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན་ཞིང་། རྩིས་གཞུང་དེ་ཉིད་ནི་གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་ནམ། གཤེན་མཁས་ཤཱི་ལ་དྷ་ཛ། གཤེན་མཁས་ཚུལ་ཁྲིམས་ཕུན་ཚོགས། གཙང་གཤེན་དགྱེས་པའི་བློ་གྲོས། མཁས་གྲུབ་ཐོས་པ་རང་གྲོལ་སོགས་མཚན་གྱི་རྣམ་གྲངས་འཆང་བའི་མཁས་དབང་དམ་པ་གང་དེས་ཐོག་མར་བརྩམས། མཁས་གྲུབ་ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་སྤྱི་ལོ་ ༡༧༨༣ ལོར་བཞད་མཐོང་སྨོན་རྫོང་གནས་ཆེན་དར་ལྡིང་གི་ཉེ་འདབས་སུ་སྐུ་འབུམ་ཞེས་པའི་ཁྱིམ་ཚང་དུ་སྐུ་འཁྲུངས། གཤེན་མི་འགྱུར་གཙུག་ཕུད་དབང་རྒྱལ་སོགས་བླ་མར་བརྟེན་ནས་རབ་བྱུང་དང་དྲང་སྲོང་གི་སྡོམ་ཁྲིམས་རྣམས་རིམ་བཞིན་བཞེས་ཏེ། ཐུན་མོང་གི་རིག་གནས་དང་ཐུན་མིན་གཞུང་དོན་སྐོར་སློབ་སྦྱོང་ཚུལ་མཐུན་བགྱིས་ནས་གཤེན་ཚང་གི་དགོན་པ་ཁྲི་བརྟན་ནོར་བུ་རྩེའི་མཁན་པོ་མཛད། ཞལ་སློབ་གཡུང་དྲུང་རིན་ཆེན་རྒྱལ་མཚན་སོགས་བྱུང་ཞིང་གསུང་རྩོམ་ལ་བརྡ་དག་དང་སྙན་ངག་རྩིས་རིག་སྐོར་སོགས་གསུང་འབུམ་པོད་ཆེན་དུ་མ་ཡོད། ཁྱད་པར་དུ་སྐར་རྩིས་ཀྱི་གཞུང་ 《གཤེན་གྱི་རྩིས་གསར་རྣམ་དག་》 ནི་རབ་བྱུང་བཅུ་གསུམ་པའི་ཤིང་བྱི་ལོར་ཐོག་མར་བརྩམས། དེའི་རྗེས་རབ་བྱུང་བཅུ་བཞི་པའི་ཆུ་ཕག་ལོར་གཤེན་མཁས་ཉིད་ཀྱི་སློབ་མ་གཡུང་དྲུང་རིན་ཆེན་རྒྱལ་མཚན་གྱིས་རྩིས་འགོ་གསར་སྤོས་མཛད་ནས་《གཤེན་གྱི་རྩིས་གསར་རྣམ་དག་གི་ཞབས་ཏོག་ཏུ་བསྐྲུན་པའི་རྩིས་གཞི་སྣང་བའི་གཏེར་མཛོད།》 ཅེས་པ་བསྒྲིགས། དེ་ནས་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ལོར་མཁན་ཆེན་ཤེས་རབ་བློ་ལྡན་གྱིས་གཤེན་རྩིས་རྩིས་མགོ་སྤོས་ཏེ་ལོ་ཐོ་སྣང་གསལ་མེ་ལོང་བསྐྲུན་པར་གྲགས། དེའི་སླར་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ལོར་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱིས་གཤེན་གྱི་རྩིས་གསར་རྣམ་དག་གི་གསལ་བྱེད་དུ་གནམ་དཔྱད་སྐར་རྩིས་གཞུང་དྲུག་ཅེས་ 《བསྟན་རྩིས་སྐལ་བཟང་མགུལ་རྒྱན།》  《རྩ་སྒྲུབ་ནོར་བུའི་ཁང་བཟང་།》 《རྩིས་འཕྲོ་འཕྲུལ་གྱི་ལྡེ་མིག》 《རེའུ་མིག་སྤེལ་སྟངས་གང་གའི་རྒྱུན་བཟང་།》 《རྒྱབ་སྐྱོར་དྭངས་ཤེལ་ལྷུན་པོ།》 《འབྲས་རྩིས་ཡང་སྙིང་བདུད་རྩི་ཐིགས་པ་》སོགས་བརྩམས་ཏེ། “གྲུབ་མཐའི་ཉི་དལ་སོར་བཞག་བཻ་དཀར་མ་བུ་འོད་ཟེར་འབུམ་ལྡན་དང་། །གྲུབ་གཟའ་བྱེད་ཉི་ལྟག་སྤྲོད་ཉེར་མཁོ་བུམ་བཟང་དཔྱད་གསུམ་དག་རྩིས་སོགས། །གྲུབ་བྱེད་རྩིས་རིག་གང་གིས་འགྲན་བྲལ་གཤེན་གྱི་རྩིས་གསར་རྣམ་དག་ཅེས། །གྲུབ་བརྒྱའི་རྒྱུ་སྐར་དབུས་ན་ངོ་མཚར་འོད་སྟོང་གཡོ་བ་ཁྱོད་ཁོ་ན། །” ཞེས་གཤེན་གྱི་རྩིས་གཞུང་ཉིད་ལ་དོན་གྱི་བསྔགས་བརྗོད་ཕུལ། དེ་ལྟར་གྱི་རྨད་བྱུང་དཔྱད་གསུམ་དག་པའི་གཞུང་ལུགས་ལ་གཞིར་བཟུང་ནས་སྐབས་ཀྱི་ལོ་ཐོ་འདི་ཉིད་རྩོམ་སྒྲིག་བྱས་ཁུལ་ལགས་ནའང་། ད་དུང་ནོར་འཁྲུལ་གྱི་ཆ་གང་མང་ཡོད་སྲིད་པས་མཁྱེན་ལྡན་མཁས་དབང་རྣམ་པར་བཟོད་གསོལ་ཞུ་བ་དང་། དམིགས་ཀྱིས་ཁྱད་བོན་ཟུར་ཙམ་བརྗོད་ན། ཕུག་ལུགས་གྲུབ་མཐའི་རྩིས་ལུགས་བོད་སྨན་རྩིས་ཁང་གི་ལོ་ཐོ་དང་བསྡུར་ན། ཉི་སྐར་ནི་ཉིན་ཞག་བརྒྱད་ཙམ་སྔ་བ་དང་། དེར་བསྟུན་གྱི་རེས་འགྲོགས་ཟླ་སྐར་ཡང་རྩིས་ཀྱི་ཆུ་ཚོད ༣༦ ཙམ་སྔ་བས། གཟའ་སྐར་འཕྲོད་སྦྱོར་སོགས་བོད་ལི་དང་ཅུང་ཞིག་མི་མཚུངས། བསྟན་རྩིས་ནི་མཁན་ཆེན་ཉི་མ་བསྟན་འཛིན་ཅན་གཞིར་བཟུང་སྟེ། འབྱུང་ལྡན་དང་འདས་ལོ་སྤྱི་ལོ་རབ་བྱུང་སོགས་གང་ཁེལ་གྱི་རེའུ་མིག་བཀོད་དེ་བལྟ་བདེ་བྱས་ཡོད། གཤེན་རབ་ཀྱི་བཀའ་གཡེན་ཁམས་སེལ་མདོའི་གཞུང་ལྟར། ཚེས་ལྷ་སུམ་བཅུ། རྒྱན་སྦྱོར་བདུན། དུས་འབྲས་བཅུ་གཉིས་དང་། གཞན་ཡང་དམངས་ཁྲོད་ཀྱི་རྩིས་རིག་ཞང་རྒན་ངག་རྩིས་སོགས་ཚེས་ཁོངས་སུ་བསྒྲིགས་པ་དང་། འབྱུང་རྩིས་ཀྱི་ལོ་ཟླའི་ཁམས་དང་ཚེས་རྒྱུའི་ས་བདག་དང་སྤར་སྨེ་སོགས་ནི་གཤེན་རྩིས་གཏན་ལིའི་ཤོག་ཁྲ་ལྟར་རྒྱལ་ཟླ་བ་དཔྱིད་ར་སྟག་ཟླར་བཟུང་སྟེ་བཀོད་པ་སོགས་ནི་གཤེན་རྩིས་རྣམ་དག་ལོ་ཐོ་གཟིགས་པ་པོ་རྣམ་པས་ངེས་དགོས་གལ་ཆེན་ཡིན་ནོ།། ཞེས་གཙོ་ཚང་ཚུལ་ཁྲིམས་ནས་འབྱུང་ལྡན ༣༠༡ བོད་རབ་བྱུང་ ༡༧ པའི་ལྕགས་བྱི་ལོའི་ཟླ་ཚེས་བཟང་པོར་བྲིས། 

 

Share

You may also like...

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

This site uses Akismet to reduce spam. Learn how your comment data is processed.

མཚམས་སྦྱོར།
རྩོམ་པ་པོ།…